༄༅ །བདེ་མཆོག་དྲིལ་བུ་ལའི་ལུས་དཀྱིལ་གྱི་དབང་བཤད་བཞུགས་སོ།། །།། ། །བླ་མ་དང་དཔལ་ཧེ་རུ་ཀ་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་འཁོར་ལོ་སྡོམ་པའི་ལུས་དཀྱིལ་དུ་དབང་བློང་བའི་ཆོ་གའི་དམིགས་རིམ་མདོ་ཙམ་ དགོང་པ་ལ། བུམ་སྒྲུབ་དང་སྒྲུབ་ཐབས་ཀྱི་གཏོར་འབུལ་ཡན་རྫོགས་པའི་འཇུག་ཏུ་རང་ཉིད་གཙོ་བོ་ལས་ཕྱེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐང་ཀྱི་སྣ་ཚོགས་རྡོ་རྗེའི་རྭ་དབུས་མའི་སྦོམ་ སའི་སྟེང་དུ་གནས་ནས་སློབ་མའི་བྱ་བ་རྣམས་རང་གིས་བྱེད་ཅིང་བླ་མའི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དང་ཐ་མི་དད་པར་མོས་ཏེ་དེས་བྱེད་པར་བསམ་ལ་དཀྱིལ་འཁོར་དུ་ འཇུག་པ་སོགས་བྱའོ། །དེ་ལ་གསོལ་འདེབས་ཀྱི་དོན་ནི། སྔགས་རིམ་ལས། བླ་མ་ལ་དགའ་བ་ཆེན་པོ་ཞེས་པོས་ནས་ཁྱོད་གཅིག་པུ་བདག་གི་སྟོན་པའོ་ཞེས་ཏེ་དགའ་ཆེན་ ནི་རྡོ་རྗེ་འཆང་གི་མཚན་ཡིན་པས་བླ་མ་ཡང་དེ་དང་འདྲ་བར་ལྟ་བའོ། །ཚུལ་ནི་དེའི་ལམ་སྟེ་བརྟན་པ་ནི་གཞན་གྱིས་མི་ཤིག་སུ་པ་ལ་ཤནྟི་པས་བཤད་དོ། །རྩེ་མོ་ལས་ནི། བྱང་ཆུབ་ སེམས་དཔའི་ཚུལ་བསྟན་པ་ཞེས་ཀྱང་འབྱུང་དོ། འཚལ་བ་ནི་དེ་འདོད་པའོ། །དམ་ཚིག་ནི་སྔགས་དང་རྒྱུད་དང་ཕྱག་རྒྱ་ལ་སོགས་པའོ། །བྱང་ཆུབ་སེམས་ཀྱང་ཞེས་པ་ལ་ རྡོར་ཕྲེང་དང་རྩེ་མོར། སྡོམ་པ་དག་ཀྱང་བདག་ལ་སྩོལ། ཞེས་འབྱུང་ངོ། །སྐྱབས་གསུམ་ནི་གསུམ་ལ་སྐྱབས་སུ་འགྲོ་བའོ། །ཞེས་བཤད་པ་ལྟར་རོ། །དེ་ནས་མིག་ [216B] མེ་ཏོག་དོར་ནས་སློབ་དཔོན་གྱིས་མ་བསལ་བར་དུ་དཀྱིལ་འཁོར་རྫོགས་པར་མཐོང་དུ་མི་རུང་བས་མིག་རས་འཆིང་བ་ཡིན་ཏེ་ ཞེས་བཤད་པ་ལྟར་ཡིན་ལ་སྔགས་དོན་ནི། ཙག་ཀྵུ་མིག་བན་བྷ་ཆིང། བ་ར་མཆོག་ཏུ། མ་ན་ཡ་ཡིད་ཀྱི་ཆེད་དུ་ཞེས་པ་ལ་འཇུག་པ་ཡོད་པས་དབྱད་ཅེས་སྣར་ཐང་སྨྲ་སེང་ གིས་བཤད་དོ། །མེ་ཏོག་འཕྲེང་བ་འཛིན་པ་ནི་འོག་ཏུ་དཀྱིལ་འཁོར་དུ་ཞུགས་ནས་ལྷ་ལ་འདོར་རྒྱུའི་མེ་ཏོག་འདིར་འཛིན་པ་ཡིན་ལ། སྔགས་ནི། ཨཱ་སྣང་མཐའ། བའི་རྣམ་སྣང་ ར་རིན་འབྱུང་གི་མིང་ཡིག་དང་པོ་དང། བཾ་དོན་གྲུབ། ཧཱུཾ་མི་བསྐྱོད་པའི་ས་བོན་སྟེ། སྔགས་དེས་རིགས་ལྔའི་ངོ་བོར་བྱིན་གྱིས་བརླབས་པའི་ཁ་དོག་སྣ་ལྔ་པའི་མེ་ཏོག་གི་ འཕེང་བ་བཟུང་བར་བསམ་ཞེས་གསུང་ངོ། །དེ་ནས་གནས་གསུམ་བྱིན་བརླབ་ཀྱི་ཚེ། རང་གཙོ་བོར་གསལ་བའི་གནས་གསུམ་དུ་འཁོར་ལོ་སྡོམ་པའི་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་ གེ་འབྲུ་གསུམ་གྱིས་མཚན་པ་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་བབ། ལུས་ཐམས་ཅད་གང། དྲི་མ་ཐམས་ཅད་དག། རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་སྙམ་པའི་མོས་པ་བྱ་གསུང་ ངོ༑ ༑དྲི་ལན་གྱི་དྲི་བ་དང་པོ་ནི་རིགས་དང་མོས་པ་འདྲི་བའོ། །ལན་དང་པོའི་སྐལ་བཟང་ནི་རྒྱལ་སྲས་ཏེ་ཐེག་པ་ཆེན་པོའི་རིགས་ཅན་དང་བདེ་ཆེན་ལ་མོས་པར་བསྟན་པས་དཀྱིལ་ འཁོར་དུ་གཞུག་དུ་རུང་བར་ཤེས་པར་བྱེད་དོ། །ལན་གཉིས་པའི་དོན་ནི་སངས་རྒྱས་ཀྱི་དམ་ཚིག་མཆོག་བསྒྲུབ་པའི་ཕྱིར་ཡིན་ཞེས་པའོ། །བྱང་སྡོམ་འཛིན་པའི་ཚེ། བཟུང་ [217A]༄༅། །བའི་ཡུལ་བསྒྲུབ་པའི་དཀྱིལ་འཁོར་བའང་ཡིན་མོད་ཀྱང་སྟེང་གི་ནམ་མཁར་རྩ་བ་དང་བརྒྱུད་པའི་བླ་མ། ཡི་དམ། སངས་རྒྱས། བྱང་སེམས། དཔའ་ བོ༑ ༑མཁའ་འགྲོ། བསྟན་སྲུང་ཡེ་ཤེས་པའི་ཚོགས་ཏིལ་གྱི་གང་བུ་ལྟར་གང་བ་བཞུགས་པར་བསམ། བཟུང་བའི་སྔོན་འགྲོ་སྐྱབས་སུ་འགྲོ་བ། འགལ་རྐྱེན་སྡིག་ལྟུང་ བཤགས་པས་སྦྱང་བ། མཐུན་རྐྱེན་ཚོགས་ཡི་རང་བས་སོག་པ་གསུམ་སྔོན་དུ་བཏང། འཛིན་པའི་དངོས་གཞི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ པར་བྱ། དེའི་ཕྱིར་དུ་རྒྱལ་སྲས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་མཐའ་དག་ལ་བསླབ་པར་བྱའོ་སྙམ་པས་ཆོ་ག་རྗེས་སུ་ཟློས་པར་མོས་ཏེ་བརྗོད་གསུང། ཐམས་ཅད་རྣལ་འབྱོར་ གྱི་སེམས་བསྐྱེད་པའི་ཚེ། ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་ཟླ་བ་དང་རྡོ་རྗེའི་རྣམ་པར་སྐྱེད་པ་ནི་སྔགས་ཀྱི་ཐབས་མཁས་ཀྱིས་ཐེག་པ་ཆེན་པོར་རིགས་ངེས་པར་བྱེད་ པ་ཡིན་པས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་སེམས་དང་ལྟ་བའི་སྟེང་ནས་དོན་དམ་སེམས་པ་སྐྱེད་གཉིས་དམིགས་ལེགས་པར་ཕྱེད་པར་བྱས་ལ་ཟླ་བ་དང་ རྡོ་རྗེའི་རྣམ་པར་བསྐྱེད། སྔགས་དོན་ནི། ཐམས་ཅད་རྣལ་འབྱོར་ཀྱི་སེམས་བསྐྱེད་པར་བགྱིའོ་ཞེས་པའོ། །སཱུ་ར་ཏེ་སོགས་ཀྱི་སྔགས་དོན་ནི། ཤིན་ཏུ་དགའ་བའི་དམ་ཚིག་ དང་ལྡན་པ་ཁྱོད་ཀྱིས་ཇི་ལྟར་བདེ་བར་རྡོ་རྗེ་སྟེ་སངས་རྒྱས་བསྒྲུབ་པར་བྱའོ། །ཞེས་པ་སྟེ་དེའི་ཚེ་གཙོ་བོའི་ཐུགས་ཀའི་སེམས་བསྐྱེད་གཉིས་ཀྱི་ངོ་བོ་ཟླ་བ་དང་རྡོ་རྗེའི་རྣམ་པ་ཅན་ [217B] །གསང་བར་གདམ་པའི་མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་ པ་དཀྱིལ་འཁོར་དུ་ཞུགས་སུ་ཟིན་ཀྱང་སྔགས་ལ་མི་དད་ནི་དེ་ལ་ཡང་མི་བསྟན་པའི་དོན་ནོ། །ཧཱུཾ་ཛ་ཧཱུཾ་གི་སྐབས་སུ་བླ་མ་དང་གཙོ་བོ་ཐ་མི་དང་པས་སྤྲོས་པའི་ལས་ཀྱི་རྡོ་རྗེའི་ཕྱག་ གི་རྡོ་རྗེ་ལ་འཐུས་ནས་ཤར་སྒོར་ཕྱིན་ཏེ་དེར་འདུག་པར་བསམ། གསོལ་འདེབས་ཀྱི་དོན་ནི། སངས་རྒྱས་ཀུན་གཅིག་ཏུ་འདུས་པའི་རང་བཞིན་གྱི་སྐུ་རྡོ་རྗེ་སློབ་དཔོན་ལ་ནི་སྐྱབས་ སུ་མཆིའོ། །རྟེན་པ་དཔའ་བོ་དང་རྣལ་འབྱོར་མའི་དཀྱིལ་འཁོར་ཀྱི་འཁོར་ལོ་དང། རྟེན་རྣལ་འབྱོར་གྱི་གནས་ལའང་བདག་ཕྱག་འཚལ་ལོ། །རྡོ་རྗེ་སློབ་དཔོན་དོན་དམ་སྨྲ་བའི་ སེང་གེ་རྣལ་འབྱོར་ཞེས་བྱ་བ་ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་པར་གྱུར་པ་ཁྱོད་ཀྱིས་སྲིད་པའི་ཉེས་པ་བརྒྱ་ཕྲག་སྟེ་དཔག་མེད་སྐྱེད་པའི་རྩ་བ་བདེན་འཛིན་གྱི་ཉོན་ མོངས་པ་ཆོད་པར་མཛོད་ལ་སྟེ་གཅོད་པའི་དོན་དུ། རྣལ་འབྱོར་དོན་དམ་པའི་རྒྱལ་པོ་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་དེ་ཉིད་བདག་ལ་འགྲུབ་པར་ཏེ་སྐྱེད་པར་མཛོད་ཅིག་ ཅེས་བའོ་གསུང་ངོ། །དེ་ནས་གཙོ་བོས་ནང་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་འདེབས་པའི་ཚིགས་བཅད་ཀྱི་དོན་ནི། དེ་བཞིན་གཤེགས་པ་ཀུན་གྱི་བཞུགས་གནས་ དང། དཔལ་ཧེ་རུ་ཀའི་ལྷ་ཚོགས་ཀྱི་གྲོང་ཁྱེར་མཆོག་ཡིན་པས། གནས་དང་གྲོང་ཁྱེར་རྣམས་ཀྱི་སྙིང་པོ་སྟེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་འདི་རུ་བདག་གིས་སློབ་མ་འདི་ [218A]༄༅། །གཞུག་པར་བགྱི་བས་གཞུག་ཏུ་སྩོལ་ཅིག་ཅེས་པ་སྟེ་དེ་ལྟར་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ། སྔགས་སྡོམ་འཛིན་པར་གདམས་པའི་ ཚིགས་བཅད་ཀྱི་དོན་ནི། བྱང་སེམས་ཀྱི་སྔོན་པ་ནི་སོ་ཐར་གྱི་སྡོམ་པ་ལས་གོང་མར་གྱུར་པ་ཡིན་ཞིང། དེ་ལས་ཀྱང་གོང་མར་གྱུར་པའི་སྡོམ་པ་སྔགས་སྡོམ་ཡིན་ལ་དེ་འདྲའི་ སྡོམ་པ་མཆོག་འདི་ནི་ཁྱོད་ཀྱིས་བཟུང་ནས་བསྲུང་བར་བྱ་དགོས་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་སྙིགས་དུས་ཀྱི་སྐྱེ་བ་བཅུ་དྲུག་ཚུན་ལ་གྲོལ་བར་འགྱུར་བའི་ རྒྱུ་ནི་དེ་ཚུལ་བཞིན་དུ་སྲུང་བ་ལ་ཡོད་ཀྱི། དེ་ལས་གཞན་མི་སྲུང་བ་ལ་ཅི་ཡེང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཞེས་པའོ། །དེ་ནས་སྔགས་སྡོམ་འཛིན་པའི་ཡུལ་སྔར་ལྟར་ གསལ་བཏབ་ལ་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་ཐམས་ཅད་བཟུང་ངོ་སྙམ་པས་ཆོ་ག་རྗེས་སུ་ཟློས་པར་མོས། བྱེ་བྲག་ཏུ་དམ་ཚིག་ཉེར་གཉིས་འཛིན་པའི་ཚིགས་ བཅད་ཀྱི་དོན་ནི། ཤུ་ལོ་ཀ་དང་པོས་སྐྱབས་འགྲོ། གཉིས་པས་དགོངས་གསོལ། གསུམ་པས་བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་སྲིད་ཞིའི་མཐའ་གཉིས་སུ་མེད་ པའི་གོ་འཕང་ལ་གནས་ཀྱི་བར་དུ། དེའི་ཚངས་སྤྱོད་གཉིས་སུ་མེད་པ་ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་ངོ། །ཞེས་དམ་བཅའ་པ་བསྟན་ནོ། །དེ་ནས་སྦྱང་བའི་སྐབས་སུ་ བགེགས་སྡིག་དྲི་མ་གསུམ་དག་པར་བསམ། དེ་ནས་དབང་བསྐུར་བ་ལ་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་དགོས་པར་གསུངས་པ་ནི་ལྷ་དེ་དག་གི་གསང་བའི་གཏམ་ཁྱད་པར་ [218B] དཀྱིལ་འཁོར་དུ་འཇུག་པ་དངོས་གཞིའི་དོད་དུ་འདིར་བྱིན་རླབས་འདི་བྱེད་པ་ཡིན་ཞིང་དེའི་ཚེ་ གཙོ་བོས་སྤྱན་དྲངས་པའི་ཡེ་ཤེས་པ་ཨཱ་ལི་ཀཱ་ལིའི་རྣམ་པས་རང་གི་ལུས་ཀྱི་ཆ་གསུམ་ལ་ཐིམ་པ་དང་མཉམ་དུ་གཙོ་བོའི་ཐུགས་ཁ་ནས་ཀྱང་ཨཱ་ལི་ཀཱ་ལིའི་རྣམ་པ་ཅན་སྤྲོས་ཏེ་ རང་གི་ལུས་ཀྱི་ཆ་གསུམ་ནས་ཞུགས་ཏེ། སྙིང་ཁའི་ཧེ་རུ་ཀ་ལ་ཐིམ་པས་བྱིན་གྱིས་བརླབས་ཤིང། རང་ལྷ་རྣམས་དང་སྐལ་བ་མཉམ་པར་སོང་བར་བསམ་མོ་གསུང་ངོ། ། དེ་ནས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པའི་ཚིག་གི་དོན་ནི། སྔགས་རིམ་ལས། དཀྱིལ་འཁོར་དུ་ཞུགས་པ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པས་ ན་དེ་དག་གི་རིགས་སུ་ཞུགས་པའོ། །རྡོ་རྗེ་ཡེ་ཤེས་ནི་དུས་གསུམ་ཤེས་པའི་ལྷའི་ཡེ་ཤེས་འཆད་པར་འགྱུར་བ་ལྟར་ཕབ་པས་སྐྱེ་བ་སྟེ་དེ་བསྐྱེད་པར་བྱས་ཞེས་པ་འམ་བྱ་ ཡི་ཞེས་པའོ། །ཡེ་ཤེས་དེ་བསྐྱེད་པའི་ཕན་ཡོན་ནི་ཡེ་ཤེས་གང་གིས་ཞེས་སོགས་ཀྱིས་སྟོན་ཏེ་མཆོག་དང་ཐུན་མོང་འགྲུབ་པའོ། །དཀྱིལ་འཁོར་མཐོང་བ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་བཅུག་ ནས་ལྷ་ངོ་བསྟན་པ་ཡིན་པས་དེ་མིན་པ་ནི་དཀྱིལ་འཁོར་མ་མཐོང་བའོ། །མན་འཆུ་བླུང་པ་ལ་སོགས་པས་དམ་ཚིག་ཅན་དུ་བྱས་ཤིང་མནའི་སྙིང་པོ་བྱིན་པ་ལས་འདས་ན་དམ་ཚིག་ཉམས་ཏེ་ འདིར་ནད་དང་ཕྱི་མར་ངན་འགྲོར་འགྲོ་བའི་སྡུག་བསྔལ་འཐོབ་པ་ལ་ཤཱཀྱ་བཤེས་གཉེན་གྱིས་བཤད་དོ། །ཞེས་གསུངས་པ་ལྟར་རོ། །ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའི་ཚིག་བཅད་ [219A]༄༅། །དང་པོས། ཁྱོད་ཀྱིས་དམ་ཚིག་རྡོ་རྗེ་འདི་ཞེས་པ། སྔགས་རིམ་ལས། གསང་བ་མི་བསྒྲགས་པ་འདི་ནི་ཁྱོད་ཀྱིས་འདར་མི་རུང་བའི་དམ་ཚིག་ཡིན་གྱིས་ཞེས་པ་དེ་ཡང་མི་ ཕྱེད་པས་ན་རྡོ་རྗེ་ཞེས་བྱ་ཡི་མགོར་བཞག་པའི་རྡོ་རྗེ་ལ་མི་བྱའོ། །ཞེས་པ་ལྟར་རོ། །གཉིས་པས་ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས་ཞེས་པ་གོང་དུ་བྱིན་རླབས་ཀྱི་ཚེ་ཞུགས་པ་ལ་བྱའོ། །ཕན་ཡོན་ཉེས་དམིགས་ གཉིས་ཀའི་སྒོ་ནས་དམ་ལ་བཞག་པའི་ཚིག་གི་དོན་ནི་སླ་ལ། སྔགས་དོན་ནི་བདུད་རྩི་ལྔའི་ཆུ་ཞེས་བའོ། །བླ་མའི་བཀའ་ཉན་པའི་དམ་གཞག་བྱེད་པའི་ཚིགས་དོན་གཞན་སླ་ལ། ཡང་བ་མ་སྤངས་ པར་ཞེས་པ་ལ་སྔགས་རིམ་ལས། དེ་ཉིད་བསྡུས་པར་མི་བདེ་བ་མ་སྤངས་པར་ཞེས་འབྱུང་ལ་དེའི་སྐབས་གཞན་དུ་དེ་ཉིད་སྣང་བ་ལས་གནོད་པའམ་མི་བདེ་བ་ནི་རྒྱལ་བའི་བཀའ་ལས་འདས་པ་ལ་ བཤད་ཀྱང་འདིར་བླ་མ་ལ་བརྙེས་པར་མ་བྱེད་ཅིག་ཅེས་བསྒོ་བ་ལས་འདས་པའོ། །དེ་མ་སྤངས་པས་ལོ་བརྒྱ་ཐུབ་པ་ཡང་ཚེ་མ་རྫོགས་པར་དུས་དེ་ཉིད་དམ་གཞན་དུ་མྱུར་བར་དུས་བྱས་ནས་དམྱལ་བར་ ལྟུང་ངོ་ཞེས་བཤད་པ་ལྟར་རོ། །དེས་ན་ཡང་བ་མ་སྤངས་པས་ཞེས་འབྱུང་བ་དག་པ་ཡིན་ནོ། །ཞེས་གསུང་པ་ལྟར་རོ་གསུང། དེ་ཡང་སྔགས་རིམ་ལས། དམ་གཞག་སྔ་མ་རྣམས་ཀྱིས་དམ་ལ་ བཞག་པ་དེ་མ་བརྟན་གྱིས་དོགས་ནས་བཀའ་ཉན་པའི་དམ་གཞག་འདི་མཛད་དོ། །དེ་ལྟར་ན་མན་འཆུ་བླུད་པའི་དམ་གཞག་ནི་རྩ་བ་དང་ཡན་ལག་སྤྱིའི་དམ་གཞག་ཡིན་ལ་ལྷག་མ་ཁྱད་པར་པའི་དམ་གཞག་ གོ་དེ་ཡང་སྣོད་མིན་ལ་གསར་བ་སྒྲོག་པ་དང་བླ་མ་ལ་བརྙེས་ཤིང་བཀའ་ལས་འདས་པ་དངོས་གྲུབ་འཕྲོག་པའི་ཉེས་དམིགས་ཆེ་བར་དགོངས་ནས་རྩ་ལྟུང་དང་པོ་དང་བདུན་པ་བསྲུང་བ་ལ་ཁྱད་པར་བའི་ [219B] །ཞེས་གསུང་པ་ལྟར་ཡིན་པས་འདི་རྣམས་དྲན་པར་བྱས་ནས་དམ་ཚིག་བསྲུང་བ་ལ་བརྩོན་པ་གལ་ཆེ་གསུང་ངོ། །དེ་ནས་ཡེ་ཤེས་འབེབས་སྔགས་ ཨོཾ་ཤྲི་ཧེ་རུ་ཀ་སོགས་ཀྱི་སྔགས་དོན་ནི། ཨོཾ་དཔལ་ཁྲག་འཐུང་རིག་པ་ཆེན་པོ་རིག་པའི་རྒྱལ་པོ་བློ་ཆེན་པོ་ལ་གཞི་ཚུག་ཅེས་པ་ཡིན་ལ་ཡེ་ཤེས་འབེབས་པ་ཡང་ལྷ་རྣམས་དང་སྐལ་པ་ མཉམ་པར་བྱེད་པ་སྟེ་ནང་གི་སྐལ་མཉམ་མོ། །དེ་ནས་མེ་ཏོག་འཕྲེང་བའི་དབང་གི་པྲ་ཏི་གྲི་ཧྣ་སོགས་ཀྱི་སྔགས་དོན་ནི། སེམས་དཔའ་སྟོབས་པོ་ཆེ་ཞེས་ལྷ་ལ་བོས་ནས་སློབ་ མ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་བཟུང་ཤིག་ཅེས་པ་སྟེ། དེའི་ཚེ་རང་གི་མགོར་མེ་ཏོག་འཕྲེང་བ་བཞག་པ་དེ་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་བབས་ཏེ། ལུས་ཐམས་ ཅད་གང། དྲི་མ་ཐམས་ཅད་དག་མེ་ཏོག་ཕོག་པའི་ལྷས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་པའི་ནུས་པ་བཞག་བྱུང་སྙམ་དུ་བསམ་གསུང་ངོ། །དེ་ནས་ སྤྱན་འབྱེད་པའི་ཚིགས་བཅད་ཀྱི་དོན་ནི། དེང་དཔལ་ཧེ་རུ་ཀས་ཁྱོད་ཀྱི་མིག་འབྱེད་པར་མཛད་ཀྱི། ཕྱེ་ནས་ནི་ཐམས་ཅད་མཐོང་བར་འགྱུར་པའི་གཟུགས་ཅན་ཐམས་ ཅད་ལ་ཐོགས་པ་མེད་པའི་རྡོ་རྗེའི་མིག་བླ་ན་མེད་པ་སངས་རྒྱས་ཀྱི་སྤྱན་དང་འདྲ་བར་འགྱུར་རོ་ཞེས་པ་དང། སྔགས་དོན་ནི། རྡོ་རྗེའི་མིག་གི་སྒྲིབ་གཡོག་སོལ་ ཅིག་ཅེས་པ་ཡིན་ཅིང། དེའི་ཚེ་སྙིང་ཁའི་ཧཱུཾ་གི་འོད་ཟེར་དབྲལ་བའི་རཾ་ལ་ཕོག་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བ་མིག་གི་ཨོཾ་ལ་ཕོག་ནས་སྡིག་སྒྲིབས་བསྲེག་ [220A]༄༅། །ཨོཾ་གྱི་འོད་ཟེར་བསྒྲུབ་པའི་དཀྱིལ་འཁོར་བ་དང་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱི་སྤྱན་ལ་ཕོག་ཏེ་དབྱེར་མེད་དུ་གྱུར་པ་སླར་རང་གི་མིག་གི་ཨོཾ་ ཡིག་ལ་འདུས། ཨོཾ་ཡིག་འོང་དུ་མེར་གྱིས་ཞུ་བ་མིག་དབང་དང་དབྱེར་མེད་དུ་གྱུར་བས་མིག་རྡོ་རྗེའི་སྤྱན་གྱི་རང་བཞིན་དུ་གྱུར་པར་བསམ་སྟེ་འདི་ཛ་ཡ་སེ་ནས། དེ་ནས་ མིག་གཉིས་ཟླ་བ་ལ། ཨོཾ་མོ་སྙིང་ཁར་ཟླ་བ་ལ། བདག་པོ་ཡང་དག་དམིགས་བྱས་ནས། །དེ་ཡི་མིག་བལྟས་འོད་རྣམས་ཀྱིས། །དཀྱིལ་འཁོར་ཀྱི་ནི་ལྷ་རྣམས་ ཀྱི༑ ༑སྤྱན་དང་དབྱེར་མེད་རང་བཞིན་དུ། །ཡང་དག་དམིགས་ནས་དེ་ནས་སྦྱིན། །མིག་གཉིས་ལ་ནི་ལེགས་བསྡུས་ཏེ། །ཞེས་པའི་དོན་ལྟར་མན་ངག་གིས་ཁ་ བསྐང་བའི་གསུང་ངོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་དང་སྟོན་པའི་ཚིགས་བཅད་ཀྱི་ཤུ་ལོ་ཀ་དང་པོས། དཔའ་བོ་དང་དཔའ་མོ་རྣམས་ཀྱི་གནས་ལུས་རྟེན་གྱི་དཀྱིལ་ འཁོར་དུ་བསྐྱེད་པ་དང། ཕྱི་མ་གཉིས་ཀྱིས་གནས་དང་ཉེ་བའི་གནས་ལ་སོགས་པ་བཅུའི་བདག་ཉིད་ཀྱི་རྩ་དང་ཁམས་བྱང་ཕྱོགས་སོ་བདུན་གྱི་ངོ་བོའི་ལྷ་སོ་བདུན་དུ་ བསྒྲུབ་པའི་རྟེན་པའི་དཀྱིལ་འཁོར་ལ་ལྟོས་ཞེས་པ་སྟེ། དེའི་ཚེ་དཀྱིལ་འཁོར་གཉིས་བློའི་ཡུལ་དུ་མངོན་གསུམ་དུ་སྣང་བར་བསམ་མོ། །དེ་ལྟར་དཀྱིལ་འཁོར་གྱི་ལྷ་ ངོ་བསྟན་པའི་སྒོ་ནས་མཐོང་བ་ལ་བརྟེན་ནས། ཇི་སྐད་དུ་སྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་གང་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ [220B] །དེ་དག་ཐམས་ཅད་ཟད་འགྱུར་ན། །ཞེས་གསུང་པ་ལྟར་སྡིག་པ་འདག་པ་སོགས་ཕན་ཡོན་ཆེན་པོ་འཐོབ་པས་དགའ་བ་བསྒོམ་དགོས་གསུང་ངོ། ། དེ་ནས་ཆུ་དབང་གི་སྐབས་ཀྱི་རྡོ་རྗེ་ཅན་གྱི་སངས་རྒྱས་ལ་སོགས་ཀྱི་དོན་ནི། རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་གིས་སངས་རྒྱས་མི་བསྐྱོད་པ་སོགས་ལ་དབང་ཇི་ལྟར་བསྩལ་ པ་དེ་ལྟར་ཁྱེད་རྣམས་ཀྱིས་བདག་གི་སློབ་མ་འདི་ལའང་བསྩལ་དུ་གསོལ། ཞེས་པ་དང། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། སོགས་ཀྱི་དོན་ནི། སྔགས་ རིམ་ལས། སྦྱིན་པར་བྱའོ་ཞེས་དྲང་ངོ། གང་གི་མདུན་དུ་ན་སངས་རྒྱས་ཀུན་གྱི་སྤྱན་སྔར་རོ། །གང་ན་དབང་སྐུར་བའོ། །དེའི་ཁྱད་པར་ལ་ཆེན་པོ་ ནི་ཁམས་གསུམ་གྱི་རྒྱལ་པོར་རབ་ཏུ་བཞུགས་པ་སྟེ་དེའི་ཕྱིར་ཁམས་གསུམ་པ་ཡིས་ཕྱག་བྱས་པའོ། །དེ་ངས་ཁྱོད་ལ་སྦྱིན་གྱི་ཁྱོད་ཀྱིས་ཀྱང་འདི་ལ་ནན་ཏན་ དུ་བྱའོ་ཞེས་སློབ་མ་ལ་དབུགས་འབྱིན་པའོ། །རྡོ་རྗེ་ནི་འདོར་དུ་མི་རུང་བའོ། །རྡོ་རྗེ་གསང་བ་གསུམ་དབྱེར་མི་ཕྱེད་པ་ནི་རྡོ་རྗེ་འཆང་ཡིན་ལ་དེ་ལས་བྱུང་བ་ ནི་དེའི་རིགས་ལས་སྐྱེས་པ་ལ་ལེའུ་བཅུ་དྲུག་པའི་སྒྲོན་གསལ་ལས་བཤད་དོ། །ཞེས་གསུང་པ་ལྟར་རོ། །སྔགས་དོན་ནི། ཙ་ཀྲ་འཁོར་ལོ། བའི་ར་དཔའ་ བོ། །སྟྭཾ་ཁྱོད། ཨ་བཧི་ཥི་ཉྩ་ནི་དབང་བསྐུར་བ་སྟེ་དཔའ་བོའི་འཁོར་ལོས་ཁྱོད་ལ་དབང་བསྐུར་རོ་ཞེས་པར་འགྱུར་རོ། །དེའི་ཚེ་བསྒྲུབ་པའི་དབང་བུམ་དེ་བུམ་པ་དཔག་ཏུ་མེད་པར་ [221A]༄༅། །གྱུར་པ་སྤྱན་དྲངས་པའི་དབང་ལྷ་རྣམས་ཀྱིས་བཟུང་ནས་ཆུ་རུབ་ཀྱི་ཚུལ་དུ་རང་གི་སྤྱི་བོ་ནས་དབང་བསྐུར་བས་བདུད་རྩིའི་ཆུས་ལུས་ཐམས་ཅད་མེར་གྱིས་ གང། ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་དུད་ཁུ་དང་སོལ་ཁུའི་རྣམ་པས་ནག་ཉིལ་གྱིས་ཐོན། ཡིད་ བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། བདེ་བ་དེ་དང་སྟོང་པ་སྦྱར་བའི་བདེ་སྟོང་གི་ཡེ་ཤེས། རང་མེ་ཏོག་ཕོག་པའི་ལྷའི་རིགས་སུ་སངས་རྒྱ་བ་ལ་གེགས་བྱེད་ཀྱི་དྲི་མ་འཁྲུད་ པའི་ནུས་པ། འབྲས་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད་པའི་ནུས་པ། མི་སྐྱོད་པ་དང་དེའི་རིགས་ཀྱི་ཆ་དངོས་གྲུབ་སྒྲུབ་པ་ལ་དབང་བའི་ནུས་པ་སོགས་ནུས་པ་ཁྱད་པར་ ཅན་རྣམས་ནི་སྐབས་འདིའི་དབང་གི་ངོ་བོ་ཡིན་ལ། དེ་རྣམས་རང་རྒྱུད་ལ་སྐྱེས་བྱུང་སྙམ་དུ་བསམ་སྟེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཏིལ་གྱི་གང་བུ་ལྟར་གང་བའི། །རྒྱལ་བ་ བུམ་པ་འཛིན་པ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། །ཞེས་དང། སྒྲོན་གསལ་མཚན་དང་བཅས་པ་ལས། སྔར་ནང་དུ་ རྣམ་སྣང་སོགས་བསྐྱེད་པའི་བུམ་པ་རྣམས་དམ་ཚིག་གི་མཆོག་རྣམས་ཀྱི་ཏེ་སྤྱན་མ་ལ་སོགས་པས་བཟུང་བར་མཁས་པ་སྟེ་སློབ་དཔོན་གྱིས་བསྒོམ་པར་བྱའོ། ། ཞེས་དང། སྔགས་རིམ་ལས། དེ་ལྟར་དབང་བསྐུར་བའི་དུས་སུ་བདེ་བ་ཕུན་སུམ་ཚོགས་པ་བྱུང་བར་བསམ་མོ། །ཞེས་དང། ངོ་བོ་ནི་ཆུ་དབང་ལ་མཚོན་ [221B] བསྒྲུབ་པའི་དཀྱིལ་འཁོར་བའི་ལྷ་ཆུ་ དབང་བསྐུར་བ་ལ་དགོངས་པ་གཏད་པ་རྣམས་དང། གསར་དུ་སྤྱན་དྲངས་པའི་དབང་ལྷ་མི་བསྐྱོད་པས་གཙོ་མཛད་པ་རྣམས་ལ་གསོལ་བ་བཏབ་ནས། དངོས་སུ་བླ་མས་ བསྐུར་བའི་མཛད་པ་ལ་བརྟེན་ནས་སློབ་མ་དེའི་རྒྱུད་ལ། རྣམས་ཤེས་ཀྱི་ཕུང་པོ་དང་ཞེ་སྡང་སྦྱོང་བ་དང། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད་པ་དང། མི་བསྐྱོད་པའི་སྒོ་ ནས་བསྒོམ་བཟླས་དང། དངོས་གྲུབ་འགྲུབ་པ་ལ་དབང་བའི་ནུས་པ་ཁྱད་པར་བ་ཞིག་བསྒོས་པ་ལ་ཆུ་དབང་ཞེས་བྱ་སྟེ་གཞན་བཞི་དང་མེ་ཏོག་འཕྲེང་བའི་དབང་ལ་ཡང་དེའི་ རིགས་པ་སྦྱར་རོ། །ཞེས་དང། རྒྱུད་སྡེ་སྤྱི་རྣམས་ལས། བུམ་དབང་རྣམས་ཀྱི་ངོ་བོ་ནི་ཆུ་དང་ཅོད་པན་སོགས་ཀྱི་རང་རང་གི་ཆོ་གས་དབང་བསྐུར་བའི་ཚེ་དབང་པོ་རྣོན་པོ་ལ་ བདེ་བ་དངོས་སུ་སྐྱེ་བ་འོད་བས། དེ་དང་སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་གཉིས་སྦྱར་བའི་བདེ་སྟོང་གི་ཡེ་ཤེས་ཉིད་ལ་བྱེད་ཅིང། དེ་མིན་ནའང་དེའི་ཚེ་བདེ་བ་སྐྱེས་པའི་མོས་པ་ བྱས་པ་དང། ལྟ་བ་དྲན་པའི་བདེ་སྟོང་མོས་པ་ཡིད་བྱེད་ཀྱི་ཨྡྲན་པ་དང། རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་ཡང་དངོས་དང་བསྒོམ་པའི་རིག་མ་གང་རུང་དང་རང་ཉིད་རྡོ་རྗེ་འཆང་ དུ་གསལ་བ་གཉིས་འཁྱུད་པ་ལས་བྱུང་བའི་བདེ་བ་དང། ལྟ་བ་དྲན་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པའི་མོས་པ་བྱེད་པ་མ་མཐའ་ཡང་དགོས་ཀྱི། དེ་ལྟ་བུ་མ་ཡིན་ན་དབང་དེ་ལྟ་ [222A]༄༅། །བུ་ཐོབ་པར་བཞག་མི་ནུས་སོ། །ཞེས་གསུངས་པ་རྣམས་ཀྱི་མན་ངག་གོ་གསུང། དག་པའི་སྐབས་ཀྱི། སྦྱངས། བསྒྱུར། བྱས་ཞེས་པ་རྣམས། སྦྱང་ སྒྱུར་བྱེད་པའི་ནུས་པ་བཞག་པ་ལ་གོ་བར་བྱ་ཞིང་དམིགས་པ་འདི་དག་ཅི་རིགས་པར་འོག་མ་རྣམས་ལའང་སྦྱར་བར་བྱའོ། །ཅོད་པན་གྱི་དབང་གི་ངོ་བོ་ནི་སྐབས་འདིའི་དབང་བསྐུར་ བའི་རྒྱུ་ཚོགས་ལ་བརྟེན་ནས་བྱུང་བའི་བདེ་སྟོང་གི་ཡེ་ཤེས། རང་སངས་རྒྱས་པའི་སངས་རྒྱས་ཀྱི་རིགས་བདག་འགྲུབ་པའི་ནུས་པ། དབུའི་གཙུག་ཏོར་བལྟར་མི་མངོན་པ་བསྒྲུབ་ པའི་ནུས་པ། ངག་པའི་སྐབས་ནས་འབྱུང་བ་ལྟར་གྱི་ནུས་པ་རྣམས་དེ་ཡིན་ནོ། །རྡོ་རྗེའི་དབང་གི་སྐབས་ཀྱི་ཚིགས་བཅད་ལ། །སྔགས་རིམ་ལས། སངས་རྒྱས་རྣམས་ ཀྱིས་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུང། །ཞེས་པའི་དོན་དེ་ཉིད་སྣང་བ་ལས་བཤད་པ་ ལྟར་བཀོད་དེ། དེ་ཉིད་ལས། དེ་ཉིད་སྣང་བ་ལས་ནི་ཚིགས་བཅད་དེའི་དོན་འདི་ལྟར་བཤད་དེ་སངས་རྒྱས་རྣམས་ཀྱིས་དེ་རིང་ཁྱོད་ལ་རྡོ་རྗེའི་དབང་བསྐུར་བས་རྡོ་རྗེ་འདི་ནི་ཁྱོད་ ཀྱིས་ལོངས་ཤིག་པ་སྟེ་ཟུངས་ཤིག་བྱང་ཆུབ་སེམས་གང་དེ་རྡོ་རྗེ། ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་གསུང་པས་རྡོ་རྗེའི་དབང་བསྐུར་བས་ནི་རྡོ་རྗེ་ཡེ་ཤེས་ཀྱི་དབང་ བསྐུར་བ་གསུངས་པ་ཡིན་ནོ། །རྡོ་རྗེའི་དབང་བསྐུར་བ་འདི་ནི་སྟོང་པ་ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ཡིན་ [222B] ༑དེ་བླང་བར་བྱ་བའི་རྒྱུ་མཚན་ནི་གང་གི་ཕྱིར་རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་དེ་རབ་ཏུ་གྲུབ་པ་སྟེ་ཐོབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ལོངས་ཞེས་ པའོ། །ཞེས་འབྱུང་ངོ། །འདིར་དོན་ཐོབ་ཀྱི་དབང་དུ་བྱས་ན། དཔའ་བོ་ཆེན་པོ་དཔལ་ཧེ་རུ་ཀ་སོགས་ཀྱིས་དང་ཁྱོད་ལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ ཡེ་ཤེས་ཀྱི་བདག་པོར་དབང་བསྐུར་བར་འགྱུར་རོ། །མཚོན་བྱེད་རྟགས་ཀྱི་རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཚོན་བྱ་ དོན་གྱི་རྡོ་རྗེ་དེ་མཚོན་བྱེད་ཡིན་པས། མཚོན་བྱའི་རྡོ་རྗེ་དེ་འགྲུབ་པའི་ཕྱིར་དུ་མཚོན་བྱེད་ཀྱི་རྡོ་རྗེ་འདི་མི་འབྲལ་བར་ཟུང་ཅེས་པའོ་གསུང། དབང་གི་ངོ་བོ་ནི་འདིའི་དབང་ བསྐུར་བའི་རྒྱུ་ཚོགས་ལ་བརྟེན་ནས་ཐོབ་པའི་བདེ་སྟོང་གི་ཡེ་ཤེས། རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འགྲུབ་པའི་ནུས་པ། དག་ པའི་སྐབས་ནས་འབྱུང་བ་ལྟར་གྱི་ནུས་པ་རྣམས་དེ་ཡིན་ནོ། །དྲིལ་བུའི་དབང་གི་སྐབས་ཀྱི་ཚིགས་བཅད་དང་པོ་ལ། སྔགས་རིམ་ལས། རྐང་པ་ཕྱི་མ་གསུམ་འདྲ་ཞིང་ དང་པོ་འདི་དེ་སངས་རྒྱས་ཐམས་ཅད་ཀྱི་ཞེས་འབྱུང་བའི་དོན་འཆད་པ་ན། དེ་ཉིད་ལས། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཤེས་རབ་ནི་སྟོང་ པ་ཉིད་ལ་དམིགས་པ་ཡིན་ལ་དེ་ནི་རང་གི་དང་གིས་ལྷུན་གྱིས་གྲུབ་པར་དབྱངས་ཀྱི་སྒྲ་སྣ་ཚོགས་ཀྱིས་གཞན་ལ་ཆོས་སྟོན་པར་བྱེད་དེ་དྲིལ་བུ་འདི་ཡང་འདི་དང་འདྲ་སྟེ་དབྱངས་ [223A]༄༅། །ཀྱི་རྗེས་སུ་འགྲོ་བའི་ཤེས་རབ་ཉིད་སྟོན་པའོ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་ཞེས་པའི་འགྱུར་བ་དེའོ། །དེ་བས་ན་རྒྱལ་བ་རྣམས་ཀྱིས་དེ་ཉིད་བྱང་ཆུབ་ མཆོག་ཏུ་ཡང་བཞེད་དོ། །ཁྱོད་ཀྱིས་ཀྱང་རྟག་ཏུ་ཟུངས་ཤིག་ཅེས་པ་སྟེ་ཤནྟི་པ་ལ་སོགས་པའི་བཤད་པའོ། །ཞེས་སོ། །འདིར་དོན་ཐོབ་ཀྱི་དབང་དུ་བྱས་ན། དྲིལ་བུ་འདི་ ནི་དཔའ་བོ་དང་རྣལ་འབྱོར་མ་ཀུན་གྱི་དབྱངས་ཀྱི་སྒྲ་སྣ་ཚོགས་གྱིས་ཆོས་སྟོན་པའི་རྗེས་སུ་འགྲོ་བའི་ཤེས་རབ་དེས་དོན་གྱི་དྲིལ་བུ་དེ་མཚོན་བྱེད་ཡིན་པས་མཚོན་བྱ་ངེས་ དོན་གྱི་དྲིལ་བུ་དེ་འགྲུབ་པའི་ཕྱིར་དུ་མཚོན་བྱེད་རྟགས་ཀྱི་དྲིལ་བུ་ཟུངས་ཤིག་ཅེས་པའོ་གསུང། ཕྱི་མའི་དོན་དབང་ཚོག་ནས་འབྱུང་བ་ལྟར་རོ། །དབང་གི་ངོ་བོ་ནི་སྐབས་ འདིའི་དབང་བསྐུར་བའི་རྒྱུ་ཚོགས་ལ་བརྟེན་ནས་ཐོབ་པའི་བདེ་སྟོང་གི་ཡེ་ཤེས། རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྒྲོགས་པའི་གསུང་ འགྲུབ་པའི་ནུས་པ། དག་པའི་སྐབས་ནས་འབྱུང་བ་ལྟར་གྱི་ནུས་པ་རྣམས་དེ་ཡིན་ནོ། །མིང་དབང་གི་སྐབས་ཀྱི་སྔགས་དོན་ནི། རྡོ་རྗེ་སེམས་དཔས་ཁྱོད་ལ་དབང་ བསྐུར་བར་བགྱིའོ། །གང་ན་རྡོ་རྗེའི་མིང་གི་དབང་བསྐུར་བའོ། །ཞེས་པའོ། །དབང་གི་ངོ་བོ་ནི་སྐབས་འདིའི་དབང་བསྐུར་བའི་རྒྱུ་ཚོགས་ལ་བརྟེན་ནས་ཐོབ་པའི་བདེ་ སྟོང་གི་ཡེ་ཤེས། རང་སངས་རྒྱས་པའི་སངས་རྒྱས་ཀྱི་མཚན་འགྲུབ་པའི་ནུས་པ། དག་པའི་སྐབས་ནས་འབྱུང་བ་ལྟར་གྱི་ནུས་པ་རྣམས་དེ་ཡིན་ནོ། །དེ་ལྟར་ [223B] མ་རིག་པ་དང་བྲལ་བ་ལས་རིག་པ་ཡེ་ཤེས་ལྔ་འགྲུབ་པའི་ནུས་པ་ཁྱད་པར་འཇོག་པས་ རིག་པའི་དབང་སྟེ། དབང་བསྐུར་ལྔ་ཐོབ་རྒྱུ་ལས་ནི། །སངས་རྒྱས་ལྔ་པོ་འདི་རྣམ་དག་མ་རིག་པ་དང་བྲལ་བ་ལས། །ཡེ་ཤེས་ལྔ་ནི་ཐོབ་པར་བྱེད། །ཅེས་སོ།། སྔགས་དབང་གི་ཚིགས་བཅད་ཀྱི་དོན་ནི། སྔགས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ངེས་དོན་གྱི་སྙིང་པོ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཆོག་སངས་རྒྱས་ཐམས་ ཅད་བསྡུས་པའི་ངོ་བོར་གྱུར་པ་དེ་མཚོན་བྱེད་ཡིན་པས་ངེས་དོན་གྱི་སྙིང་པོ་དེ་འགྲུབ་པའི་ཕྱིར་དུ་དྲང་དོན་གྱི་སྙིང་པོ་འདི་ཟུངས་ཤིག་ཅེས་པའོ། །དབང་གི་ངོ་བོ་ནི་འདིའི་རྒྱུ་ ཚོགས་ལ་བརྟེན་ནས་ཐོབ་པའི་སྔགས་བཟླས་པ་ལ་བརྟེན་ནས་བར་དུ་གཅོད་པའི་གེགས་མེད་པར་བྱེད་པའི་ནུས་པ། ཞི་རྒྱས་དབང་དྲག་གི་དངོས་གྲུབ་འགྲུབ་པའི་ ནུས་པ། དོན་དམ་པའི་སྔགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཞིང་སྟེ་སྣོད་དག་པར་བྱེད་པའི་ནུས་པ་རྣམས་དེ་ཡིན་ནོ། །རྡོ་རྗེའི་རྟུལ་ཤུགས་ཀྱི་དབང་གི་ ཚིགས་བཅད་ལ། སྔགས་རིམ་ལས། གཞན་རྣམས་འདྲ་བ་ལ་ཧེ་རུ་ཀ་དཔལ་ཞེས་པའི་དོད་དུ་རྡོ་རྗེ་སེམས་དཔའ་ཞེས་འབྱུང་བའི་དོན་འཆད་པ་ན། འདི་ཞེས་པ་ནི་རང་ གི་ལག་ན་གནས་པའོ། །དེ་ཞེས་པ་ནི་བྱང་ཆུབ་སེམས་གང་དེ་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེའོ། །དེ་ཅི་ཞིག་ཡིན་ཅེ་ན་སངས་རྒྱས་ལྔ་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །གང་གི་ཕྱིར་ [224A]༄༅། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་འདི་རྡོར་སེམས་ཀྱི་ལག་ན་འདུག་པ་ཡིན་ལ། དེ་བས་ན་དེ་ཐོབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཀྱང་རྟག་ཏུ་བཅད་པར་བྱའོ། ། འདི་གང་གི་རྟུལ་ཤུགས་ཡིན་སྙམ་ན། ཕྱག་ན་རྡོ་རྗེའི་རྡུལ་ཤུགས་ཏེ། དེ་ཡང་གཞན་གྱི་མི་ཕྱེད་པས་ན་བརྟན་པའོ། །རྟུལ་ཤུགས་ཀྱི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་ གྲུབ་ཀྱི་དོན་དུ་ངེས་པར་བྱ་བ་སྟེ། རྡོ་རྗེ་ཡོངས་སུ་མི་འདོར་པའོ། །ཞེས་དེ་ཉིད་སྣང་བ་ལས་བཤད་དོ། །དོན་ཐོབས་ཀྱི་དབང་དུ་བྱས་ན་རྡོར་སེམས་ཐོབ་པའི་ཐབས་སུ་ཡེ་ཤེས་ལྔའི་ནང་གི་ རྡོ་རྗེ་དེ་མ་བྲལ་བར་ཆོངས་ཤིག་ཅེས་གོ་བར་བྱེད་པའོ། །སྔགས་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེའི་དམ་ཚིག་འདི་བདག་ལ་བཞུགས་ཤིག་བཟུང་ བར་བགྱིའོ་ཞེས་པའོ། །སྤྱོད་པའི་རྟུལ་ཤུགས་ཀྱི་དབང་གི་ཚིགས་བཅད་ཀྱི་ཤུ་ལོ་ཀ་དང་པོ་ལ། སྔགས་རིམ་ལས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་ན་ཡང་དག་ གནས༑ །དེས་ན་ཁ་ཊཱཾ་ཅང་ཏེའུ་སྣོད། །བྱིན་པ་དཔའ་བོས་བཟུང་བར་གྱིས། །ཞེས་འབྱུང་བའི་དོན་འཆད་པ་ན། རྡོར་སེམས་ཀྱི་ཕྱག་རྒྱ་ཐོད་པ་སོགས་འདི་རྣམས་ལ་ཕྱི་ནང་ གཉིས་ཀྱི་ཕྱག་རྒྱ་ཡོད་པས་དེ་དྲན་བྱེད་དུ་བཅངས་དགོས་པ་དེས་ན་ཞེས་སྦྱར་རོ། །ཞེས་གསུང་ཞིང་ཕྱི་ནང་གི་ཕྱག་རྒྱ་གཉིས་ནི། དེ་ཉིད་ལས། དེ་ལ་སྤྱོད་པ་དང་པོ་ནི་ནང་གི་ཕྱག་རྒྱ་གསུམ་ ལ་སྦྱོར་བ་ལྷུར་བྱེད་པ་སྟེ་དེ་ལྟར་ཡང། ཁ་ཊཱཾ་ག་ནི་ལྷ་ཡི་སྐུ། །ཅང་ཏེའུ་ཤེས་རབ་ཏུ་ནི་བརྟགས། །ཅེས་ཀུན་སྤྱོད་ལས་གསུང་པ་དང། །སྔགས་ནི་བཏུང་བའི་ཐོད་པའོ། །ཞེས་སོ།། [224B] མཚོན་པར་བྱེད་པ་སྟེ། རང་གི་ལུས་ལྷའི་སྐུར་བྱས་པ་དང་གཏུམ་མོའི་མེ་དང་བདེ་བའི་རྟེན་དུ་ཀུན་ཏ་ལྟ་བུ་སྟོན་པ་ནི་ནང་གི་ཕྱག་རྒྱའོ། །ཞེས་དང། དང་པོས་ཡབ་དང་གཉིས་པས་ཤེས་རབ་ དང་གསུམ་པས་བཟླས་བྱའི་སྔགས་བསྟན་པ་ནི། ཕྱིའི་ཕྱག་རྒྱའོ། །ཞེས་འབྱུང་ངོ། །མདོར་ན་གོང་དུ་བཤད་པའི་ཕྱི་ནང་གི་ཕྱག་རྒྱ་གཉིས་པོ་དེ་ལ་སྦྱོར་བ་ལྷུར་ལེན་དགོས་པ་དེ་དྲན་པའི་ ཕྱིར་དུ། དེ་མཚོན་བྱེད་ཀྱི་མཚན་མ་གསུམ་པོ་བཅང་བར་གྱིས་ཞེས་གོ་བར་བྱེད་པའོ། །ལུང་སྟན་གྱི་དབང་གི་ཚིགས་བཅད་ཀྱི་དོན་ནི་སླ་ལ། སྔགས་དོན་ནི། ཁྱོད་ས་འོག་ས་སྟེང་མཐོ་ རིས་ཏེ་ཁམས་གསུམ་གྱི་རང་བཞིན་གྱི་དེ་ཁོ་ན་ཉིད་ས་རབ་ཏུ་དགའ་བ་ལ་སོགས་པའི་རིམ་པས་རྟོགས་པར་ནུས་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་མཁའ་འགྲོ་མའི་གཙོ་ བོ་དཔལ་ཐོད་ཁྲག་ལ་རོལ་པ་ཞེས་བྱ་བར་གྲུབ་པའོ། །ཞེས་པའོ། །འདིའི་སྐབས་སུ་ས་ར་ཧ་ས། །དེ་ཚེ་ཧེ་རུ་ཀ་དཔལ་དང། །མཁའ་འགྲོ་མ་དང་བླ་མར་བཅས། །མགྲིན་གཅིག་ ལུང་སྟོན་བསམ་པར་བྱ། །ཞེས་དང། སྔགས་རིམ་ལས། ལུང་སྟན་གྱི་དོན་ནི་ཁམས་གསུམ་དབྱེར་མི་ཕྱེད་པའི་ཆོས་ཉིད་རྟོགས་པར་ནུས་པ་ཁྱོད་ཡིན་ནོ་ཞེས་གཟེང་བསྟོད་པའི་དོན་དུ་ལུང་ སྟན་པའོ༑ ༑ཞེས་གསུང་པ་ལྟར་གོ་བར་བྱ་དགོས་གསུང། རྡོ་རྗེ་སློབ་དཔོན་གྱི་དབང་གི་གསོལ་འདེབས་ཀྱི་དོན་ནི། ཕྱིར་མི་ལྡོག་པའི་དབང་དང་འདྲ་བའི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ [225A]༄༅། །བ་ཆེན་པོ་དཔའ་བོ་ཆེན་པོ་རྡོ་རྗེ་སློབ་དཔོན་གྱིས་བདག་ལ་སྩོལ་ཅིག་གང་གིས་འགྲོ་བ་རྣམས་མཚན་མ་མེད་པ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ མངོན་དུ་བྱེད་པར་ནུས་པའི་རྒྱུའི་གཙོ་བོར་གྱུར་པའི་དབང་བསྐུར་བ་དེ་ནི་ད་ལྟ་ཉིད་དུ་སྩོལ་བར་མཛད་དུ་གསོལ། ཞེས་པའོ། །གསུང་རྡོ་རྗེའི་དམ་ཚིག་སྦྱིན་པའི་ཚིགས་བཅད་ཀྱི་ དོན་ནི། སེམས་དཔའ་ནི་ཐོག་མཐའ་མེད་པའི་སེམས་ཀྱི་རྒྱུན་རང་བཞིན་གྱིས་དག་པའི་དེ་བཞིན་ཉིད་དང་རོ་གཅིག་པའི་རྣམ་པར་མི་རྟོགས་པའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ཏེ་དེ་ནི་རྡོ་རྗེ་ སེམས་དཔའ་དགའ་བ་ཆེ་བའི་རང་བཞིན་ནོ། །བཟང་པོ་ནི་དགེ་བ་ཡིན་ལ་ཀུན་ནི་མ་ལུས་པ་ཏེ། འདི་ལས་དེ་རྣམས་བྱུང་བའོ། །ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ དམ་རང་བཞིན་ཡིན་པས་ཀུན་གྱི་བདག་ཉིད་དོ། །གང་ལ་དམིགས་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྐྱེ་བའི་རྒྱུ་ཆོས་ཀྱི་དབྱིངས་ལ་རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་སངས་རྒྱས་ཐམས་ཅད་ ཀྱི་སྤྲུལ་གཞི་བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུ་ཞེས་འབྲས་བུ་རྡོ་རྗེ་འཆང་གི་མིང་གིས་བཏགས་ནས་བསྟན་པའོ་ཞེས་དབང་བཤད་ཁ་ཅིག་ལས་འབྱུང་ངོ། །དྲིལ་བུའི་ དམ་ཚིག་སྦྱིན་པའི་ཚིགས་བཅད་ཀྱི་དོན་ལ། སྔགས་རིམ་ལས། སྲིད་པ་ངོ་བོ་ཉིད་ཀྱིས་དག་ངོ་བོ་ཉིད་ཀྱིས་སྲིད་འགལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པའི་ སྲིད་པ་བྱེད་པར་འགྱུར། །ཞེས་པའི་དོན་འཆད་པའི་ཚེ། སྲིད་པ་ནི་འཁོར་བར་སྐྱེ་བའི་རྒྱུན་ནོ། །དེ་ནི་ངོ་བོ་ཉིད་ཀྱིས་དག་སྟེ་རང་བཞིན་གྱིས་ཡོངས་སུ་དག་པའོ། །འོན་ཀྱང་བདོག་ཏུ་ [225B] །ཤིནྟ་པ་དང་ཨ་བྷྱ་གཉིས་ཀས་འགལ་བའི་སྲིད་པར་བྱས་པའི་འབྲུ་ནོན་ མཛད་ལ་དཔལ་མཆོག་འགྲེལ་པར་སྲིད་བྲལ་བྱས་ཞེས་པ་ལ་འབྲུ་མནན་ན། སེམས་དཔའ་མཆོག་ནི་བྱང་ཆུབ་སེམས་དཔའ་སྟེ་དེ་རྣམས་ཀྱིས་སྲིད་པའི་མཆོག་གམ་དམ་པའི་སྲིད་པ་མཛད་ པར་འགྱུར་ཞེས་སྦྱར་རོ། །ཇི་ལྟ་བུས་མཛད་ན་རང་བཞིན་དག་པས་ཞེས་ཏེ་དེ་ལ་མི་བདེན་པའི་ཞེན་པ་ཟད་པར་མཛད་ནས་མི་གནས་པའི་མྱང་འདས་ཀྱི་རང་བཞིན་དུ་རྟོགས་པར་མཛད་པའོ། ། ཞེས་ཀུན་སྙིང་དང་ཤིནྟ་པས་བཤད་དོ། །ཞེས་འབྱུང་ངོ། །ཕྱག་རྒྱའི་དམ་ཚིག་སྦྱིན་པའི་ཚིགས་བཅད་ཀྱི་དོན་ནི། ཡིད་ཀྱི་ལུས་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣམ་པ་བརྟན་པ་ཉིད་ཕྱག་རྒྱའི་དམ་ ཚིག་ཏུ་བརྗོད་དོ། །སྒྲུབ་པ་པོ་གང་གིས་ཡེ་ཤེས་ཀྱི་ཕྱག་རྒྱའི་ལུས་ནི་རྣམ་པ་ཐམས་ཅད་དུ་བརྟན་པར་བྱས་པ་དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས་ཞེས་འབྱུང་ངོ། །དབང་གི་ངོ་བོ་ནི་ དམ་ཚིག་གསུམ་བཟུང་བའི་སྒོ་ནས་བསྒོམ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཕན་ཚུན་འཁྱུད་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས། རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་རྡོ་རྗེ་འཆད་ལ་ བརྟེན་པའི་སྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་བའི་ནུས་པ། ལན་འདི་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་ཐོབ་པ་ལས་ཕྱིར་མི་ལྡོགས་པའི་ནུས་པ། གཞན་ལ་ རྒྱུད་འཆད་པ་དང། དབང་བསྐུར་བ་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་ཐམས་ཅད་ལ་དབང་བའི་ནུས་པ་རྣམས་དེ་ཡིན་ཏེ། ཀྱཻ་རྡོར་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་ [226A]༄༅། །དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་སོ། །སྔགས་རིམ་ལས། ཇི་ལྟར་ས་བཅུ་པ་ལ་གནས་ པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་དེ་བཞིན་དུ་དམ་ཚིག་གསུམ་དང་བཅས་པ་འདི་ཡང་དེ་བཞིན་ གཤེགས་པ་དེ་རྣམས་དང་བླ་མས། སེམས་ཅན་དཔག་ཏུ་མེད་པ་ལ་གཞལ་དུ་མེད་པའི་ཆོས་སྟོན་པ་ལ་སོགས་པས་སློབ་དཔོན་དུ་བྱ་བའི་ཆེད་དུ་ཁམས་གསུམ་པའི་ཆོས་ཀྱི་ རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང། ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་བས་ཕྱིར་མི་ལྡོག་པའི་དབང་ངོ། །འདྲ་བ་ཙམ་དུ་མ་ཟད་ཕྱིར་མི་ལྡོག་པའི་ས་བོན་ ཁྱད་པར་ཅན་བསྐྲུན་པར་བྱེད་པའི་ཕྱིར་ཡང་མི་ཕྱིར་མི་ལྡོག་པའི་དབང་དུ་བརྗོད་དེ་ཕྱིར་མི་ལྡོག་པ་དང་ལྡན་པའི་དབང་ངོ། །ཞེས་གསུངས་སོ། །རྗེས་ གནང་གི་དབང་གི་ཚིགས་བཅད་རྣམས་ཀྱི་གོ་དོན་དཀྱིལ་ཆོག་ལས་འབྱུང་བ་ལྟར་རོ། །དེ་ལྟར་བུམ་པའི་དབང་ནི་དཀྱིལ་འཁོར་གང་དུ་འཐོབ་ན། སྦྱོར་བ་བདུན་པ་ལས། རི་མོ་དད་ནི་ ལུས་ཀྱི་ལས། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །ཅེས་པ་ལྟར་ལུས་ཀྱི་དཀྱིལ་འཁོར་དུ་ཐོབ། དེར་ཇི་ལྟར་ཐོབ་ན། སྔགས་རིམ་ལས། བུམ་དབང་བསྐུར་བ་རྣམས་ལ་རྡུལ་ ཚོན་གྱི་དཀྱིལ་འཁོར་པའི་ལྷས་དགོངས་པ་གཏད་ནས་དབང་གི་བྱ་བ་མཛད་པ་ཡོད་ལ་དེའི་ཕྱིར། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་དབང་ཐོབ་པ་ཡང་མི་འགལ་ལོ། །ཞེས་པ་ལྟར་ [226B] གད་ལ་དབང་ན་སྐྱེད་རིམ་ཁྱད་པར་ཅན་ལུས་དཀྱིལ་ཟབ་མོ་བསྒོམ་པ་ལ་དབང་ དག་བྱ་གང་སྤྱོད་ན་ལུས་ཀྱི་དྲི་མ་སྦྱོང། འབྲས་བུ་གང་འགྲུབ་ན་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་བཞག་པ་ཡིན་པས་དགའ་བ་བསྒོམ་མོ། །སྒྲ་བཤད་ནི་སྦྱོར་བ་བདུན་པ་ལས་ སྣོད་དུ་རུང་ཕྱིར་བུམ་དབང་སྟེ། །བླུགས་གཏོར་དག་པར་བྱེད་ཕྱིར་དབང། །འདི་ནི་ཡང་དག་རྒྱུད་རིམ་པའི། །ལུང་གིས་ངེས་པར་བྱེད་པའོ། །ཞེས་པ་ལྟར་རོ། །གསང་དབང་གི་ གསོལ་འདེབས་ཀྱི་ཚིགས་བཅད་ཀྱི་དོན་ནི། འགྲོ་བ་སྡུག་བསྔལ་གྱིས་གདུངས་པ་དཔེར་ན་བྱིས་པ་མི་དོང་དུ་ལྷུང་བ་དེ་ལས་འདོན་པ་པོ་ལྟ་བུའི་སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པ་དང། མེ་ གཞིལ་པའི་ཆར་བསིལ་པ་ལྟ་བུའི་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་གྱུར་བའི་ཡོན་ཏན་གྱི་དཔལ་དང་ལྡན་པ་ནི་འཁོར་ལོ་བདེ་པའི་མཆོག་རྡོ་རྗེ་སློབ་དཔོན་ཁྱོད་ཉིད་ཡིན་པས། ལན་དུ་ཕན་ འདོགས་པར་རེ་བ་སོགས་ཀྱི་རྒྱུ་མེད་པར་ཐུགས་རྗེ་ཆེན་པོས་རང་གི་ངང་གིས་འགྲོ་བའི་དོན་མཛད་པ་ལ་འཇུག་པ་ཁྱོད་ཀྱི་མགོན་དང་སྐྱབས་མེད་པ་བདག་གི་མགོན་དང་སྐྱབས་མཛོད་ཅིག་ བདག་ཉིད་ཆེན་པོ་རྡོ་རྗེ་སློབ་དཔོན་ཁྱོད་ཀྱིས་བླ་ན་མེད་པའི་གོ་འཕང་བརྙེས་པ་ཇི་ལྟར་གཙོ་བོས་བདག་ཀྱང་དེ་ཁོ་ན་འདྲ་བར་མཛོད་ཅིག་འཁོར་བ་ཉོན་མོངས་པ་དང་སྡུག་བསྔལ་གྱི་འདམ་གྱི་ ཚོགས་ཆེན་པོའི་ནང་དུ་བྱིད་པ་བདག་ལ་འཁོར་བའི་སྡུག་བསྔལ་གྱིས་མནར་བར་མི་འགྱུར་བའི་སྐྱབས་མཛོད་ཅིག་ཅེས་པ་ཡིན་ལ། དབང་བསྐུར་བའི་ཚིགས་བཅད་ཀྱི་དོན་ནི་ [227A]༄༅། །གསང་རྫས་འདི་ནི་དཔའ་བོ་དང་ལྷ་མོ་རྣམས་ཀྱི་ངོ་བོ་ཐིག་ལེ་རྩའི་བཅུད་ཐམས་ཅད་འདུས་པ་ཡིན་ལ་འདི་ཟོས་པས་བཟའ་བའི་དམ་ཚིག་ལྔ་ལ་སོགས་པ་བསྟེན་པ་དང་ བསྲུང་བའི་དམ་ཚིག་རྣམས་ལ་དབང་བར་བྱེད་པས་ལུས་ཀྱི་སའི་ཁམས་སོགས་ཁམས་ལྔའི་བཅུད་དང་ལྡན་པ་འདིའི་རོ་རྟོགས་པ་སྟེ་མྱོང་བར་བྱེད་པའི་སྒོ་ནས་དེ་ལས་འབྱུང་བའི་བདེ་བ་ གང་དེ་མྱོང་བར་བྱའོ། །ཞེས་པ་ཡིན་ཅིང་ཕྱི་མ་སླའོ། །དབང་གི་ངོ་བོ་ནི་གསང་རྫས་མྱང་བ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས། དག་དག་པར་བྱེད་པའི་ནུས་པ། རྩ་རླུང་གཏུམ་མོའི་ རྣལ་འབྱོར་དང་ཀུན་རྫོབས་སྒྱུ་མའི་རྫོགས་རིམ་བསྒོམ་པ་ལ་དབང་བའི་ནུས་པ་རྣམས་དེ་ཡིན་དེ། ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། །སྦོམ་པོ་ཐ་ལྟག་སྦྱོར་བ་ཡིས། །ལོངས་སྤྱོད་ནང་ དུ་གཞུག་པར་བྱ། །དེ་ཚེ་ཡང་དག་ཡེ་ཤེས་སྐྱེ། །བུ་མོའི་བདེ་བ་ཇི་ལྟ་བུ། །ཞེས་དང། སྔགས་རིམ་ལས། དག་དག་པ་ནི་གསང་རྫས་དེ་བླ་མ་ཡབ་ཡུམ་གཙོ་བོ་ཡབ་ཡུམ་དང་ ཐ་མི་དད་དུ་བྱས་ནས་སྙོམས་པར་ཞུགས་པའི་ལྷན་ཅིག་སྐྱེས་དགའ་བསྐྱེད་པའི་རྫས་ཡིན་ཞིང། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་སྤྱན་དྲངས་ཏེ་ཞུ་བའི་ངོ་བོ་དང་དབྱེར་ མེད་པར་བྱས་པས་ན་མཐུ་དང་ལྡན་པའི་ཕྱིར། ཕྱག་ཆེན་ཐིག་ལེ་སྔར་དྲངས་པ་ལྟར་དེ་མྱང་བས་གཞོན་ནུ་མའི་བདེ་བ་འདྲ་བ་སྐྱེ་བར་བཤད་ལ། དེ་འདྲ་བ་དེ་དག་གི་གནས་ལྕེ་དང་མགྲིན་ པ་ལ་སོགས་པའི་གནས་རྣམས་སུ་ཕྱིན་པ་ན་སྐབས་དེ་དང་དེའི་རྩ་དང་རླུང་རྣམས་སྦྱོང་བས་དག་དག་པར་བྱེད་དོ། །བྱང་སེམས་ཀྱི་རོ་ལྕེས་མྱང་བའི་སྒོ་ནས་ངག་དག་པར་བྱེད་པ་གསང་ [227B] །དེ་ལྟར་ན་རྫས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་དེས་རྩ་དང་ རླུང་དང་བྱང་སེམས་བྱིན་གྱིས་རློབ་ནུས་པས་རྩ་རླུང་དང་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་སྒོམ་པའི་སྣོད་དུ་བྱེད་ལ་དེ་དག་བསྒོམ་པ་ན་བདག་བྱིན་གྱིས་རླབ་པ་སྒྱུ་མའི་ཏིང་ངེ་འཛིན་གྱི་ འང་སྣོད་དུ་རུང་བས། ལམ་དེ་དག་སྒོམ་པ་ལ་དབང་བའོ། །ཞེས་གསུང་པས་སོ་གསུང། དེ་ལྟར་གསང་བའི་དབང་དཀྱིལ་འཁོར་གང་དུ་ཐོབ་ན་སྦྱོར་བ་བདུན་པ་ལས། ལྷག་པ་ བྱང་སེམས་ཞེས་བྱ་བའི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །ཞེས་པ་ལྟར་ཀུན་རྫོབས་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་ཐོབ། གང་ལ་དབང་ན་ཀུན་རྫོབ་སྒྱུ་མའི་རྫོགས་ རིམ་གྱིས་མཚོན་པའི་སོ་སོ་སྐྱེ་བོའི་རྫོགས་རིམ་ཐམས་ཅད་སྒོམ་པ་ལ་དབང། དག་བྱ་གང་སྦྱོང་ན་དག་གི་དྲི་མ་སྦྱོང། འབྲས་བུ་གང་འགྲུབ་ན་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་ ནུས་པ་བཞག་པ་ཡིན་པས་དགའ་བ་བསྒོམ་མོ། སྒྲ་དོན་ནི། གསང་བའི་རྫས་བྱང་སེམས་མྱང་བ་ལས་བྱུང་བའི་དབང་ཡིན་པས་གསང་དབང་དོ། །ཤེར་དབང་གི་སྐབས་ཀྱི་ གསོལ་འདེབས་ཀྱི་ཚིགས་བཅད་ཀྱི་དོན་ནི། བཅོམ་ལྡན་ཞི་བ་སོགས་རྐང་པ་དྲུག་གི་དོན་ནི། བཅོམ་ལྡན་འདས་ཉོན་མོངས་ཀྱིས་གདུངས་པ་ལས་གྲོལ་བའི་དམན་པའི་མྱང་འདས་ རྣམས་ནི་ཞི་བ་ཡིན་ལ། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པའི་གདུངས་པ་ལས་གྲོལ་བའི་ཐིག་ཆེན་མྱང་འདས་ནི་སྔ་མ་ལས་མཆོག་ཏུ་གྱུར་ལས། དེ་ལྟ་བུའི་ཞི་བ་ཆེན་པོ་དང་ [228A]༄༅། །ལྡན་པ་རྡོ་རྗེ་སློབ་དཔོན་གྱི། ཞེས་པོས་ནས། ཡུལ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དང་ཡུལ་ཅན་སྒྲིབ་བྲལ་ལྷན་སྐྱེས་ཀྱི་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་ གི་ཚུལ་དུ་ངོ་བོ་དབྱེར་མེད་པའི། རྡོ་རྗེའི་རྣལ་འབྱོར་མཐར་ཐུག་པ་རང་ཉིད་ཀྱིས་བརྙེས་ནས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱང་རྣལ་འབྱོར་དེ་ལ་ཕྱོགས་གཅིག་ཏུ་འགོད་པར་ བཞེད་པ་ཁྱོད་ཀྱིས། བཤད་མ་ཐག་པའི་ཡུལ་ཡུལ་ཅན་ངོ་བོ་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པ་པོ་བདག་ལ། ལམ་དུས་ཀྱི་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ ལྷན་སྐྱེས་ཀྱི་བདེ་ཆེན་དབྱེར་མི་ཕྱེད་པའི་རྡོ་རྗེའི་རྣལ་འབྱོར་བསྒོམས་པ་ལས་བྱུང་བའི། འབྲས་དུས་ཀྱི་རྣལ་འབྱོར་མཐར་ཐུག་པ་སྩོལ་ཅིག་མདོར་ན་སློབ་དཔོན་བདག་ཉིད་ ཆེན་པོ་རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདག་ཁྱོད་ཀྱིས། ལམ་འབྲས་ཀྱི་ཡུལ་ཡུལ་ཅན་དབྱེར་མི་ཕྱེད་པའི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤིས་ཚུལ་ཇི་ལྟ་བུར་བརྙེས་ པ༑ དེ་ལྟར་དུ་བདག་ལའང་སྩོལ་བར་མཛོད། ཅེས་པ་སྟེ་རྐང་པ་ཐ་མ་གཉིས་སླའོ། །རིག་མ་གཏོད་པའི་ཚིགས་བཅད་ཀྱི་དོན་ནི། ལྷ་མོ་སྟེ་རིག་མ་འདི་ནི་ཕྱག་རྒྱ་ཆེན་པོ་ མཆོག་གི་དངོས་གྲུབ་བདེ་བ་མཐའ་ཡས་པ་དང་ལྡན་པ་དེ་སྦྱིན་པ་མོ། །བུ་ཡིས་ཕྱག་རྒྱ་མོ་འདི་ལོང་ལ་རྣམ་པ་ཀུན་ཏུ་མཆོད་པ་བླ་ན་མེད་པ་གྱིས། ཞེས་དང། དྲི་བའི་ཚིགས་ བཅད་ཀྱི་དོན་ནི། བྱང་ཆུབ་ཀྱི་སེམས་སོགས་ཟ་བ་དང། རིག་མ་མཆོད་པ་ལ་སྤྲོ་འམ་ཞེས་དྲི་བ་སྟེ་དེ་ཡང་དངོས་དབང་གི་ཚེ་བྱང་སེམས་པདྨར་འཕོས་ན་དེ་ལྕེས་བླང་ནས་ [228B] ལན་གྱི་ཚེ་དེ་དག་ལ་སྤྲོ་བར་ལན་འདེབས་པ་དང། ཚིགས་བཅད་ཕྱི་མ་ནི། ད་ཡི་ པདྨ་འདི་བདེ་བ་ཀུན་དང་ཡང་དག་པར་ལྡན་ཞིང། ཡབ་ཡུམ་ལྷར་གསལ་བའི་གསང་གནས་འདུ་བྱ་བ་སོགས་ཀྱི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྟེན་ན། དེ་ཡི་མདུན་ན་སྟེ་དྲུང་དུ་ང་ ཉེ་བར་གནས་ཏེ་ལྷན་སྐྱེས་ཀྱི་དགའ་བ་དྲངས་ནས་བདེ་སྟོང་སྦྱོར་བ་སོགས་ཀྱིས་སངས་རྒྱས་བསྟེན་པ་སྟེ་མ་ཉེས་པ་ལ་སོགས་པའི་བྱ་བ་ཐམས་ཅད་པདྨར་ཏེ་པདྨ་ལ་བརྟེན་ ནས་བྱེད་དོ། །བདེ་ཆེན་རྒྱལ་པོ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ཀྱི་རྒྱུ་འདི་ཉིད་དུ་གནས་པ་ཡིན་པས་སྟེན་ཅིག་ཅེས་པའོ། །སྔགས་དོན་ནི། པདྨ་ སྟེན་ཅིག་ཅེས་པའོ། །དབང་གི་ངོ་བོ་ནི། འདུ་ཤེས་གསུམ་དང་ལྡན་པས་སྙོམ་པར་ཞུགས་པས་གསང་གནས་ཀྱི་ཐུར་སེལ་གཞུའི་དབྱིབས་ཅན་གྱིས་ལྟེ་བའི་གཏུམ་མོ་ སྦར་བའི་མཐུས་སྤྱི་བོའི་བྱང་སེམས་ཞུ་བ་རླུང་གིས་ཐུར་དུ་ཕུལ་བས་རིམ་གྱིས་ནོར་བུའི་ནང་དུ་ཕྱིན་པ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་དགའ་དང་སྟོང་པ་སྦྱར་བའི་བདེ་སྟོང་གི་ཡེ་ ཤེས། ཡིད་དག་པར་བྱེད་པའི་ནུས་པ། དོན་དམ་འོད་གསལ་གྱི་རྫོགས་རིམ་སྒོམ་པ་ལ་དབང་བའི་ནུས་པ་རྣམས་དེ་ཡིན་ནོ། །ཞལ་ལུང་གི་དབང་གསུམ་པའི་སྐབས་སུ། སྡོམ་ བརྩོན་གཞུ་དབྱིབས་གཡོག་ཡིས། །སུམ་མདོར་ཡེ་ཤེས་མེ་སྤར་བས། །ཁམས་ཞུ་ནས་ནི་བཅུ་དྲུག་ཆར། །གྱུར་བ་མེ་ཏོག་ཀུན་ཏ་འདྲ། །རླུང་གི་སྦྱོར་བས་ཕུལ་བར་བྱ། །རང་བཞིན་ [229A]༄༅། །གྱིས་ནི་རབ་ཞི་བ། །ཆོས་སྐུ་ཞི་བ་དེ་ཁོ་ན། །བདེ་བ་དེ་ཉིད་ནོར་བུར་འདྲུག་སྐད་ཅིག་དྲན་མེད་གཡོ་བར་བྱེད། །སྒྲུབ་པ་ཆེན་པོ་དེ་ཉིད་དོ། །ཞེས་དང། ཕྲེང་ བ་ལས། ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་དཀྱིལ་ཀྲུང་ལས་སེམས་ནི། །ནོར་བུའི་ནང་དུ་ཆུད་པ་བལྟ། །ཞེས་དང་མན་སྙེ་ལས། དེ་ཉིད་ནི་ ཆོས་ཐམས་ཅད་བསམ་དུ་མེད་པ་ཉིད་དོ། །དེའི་གཟུགས་བརྙན་དུ་རྗེས་སུ་མཐུན་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཤེས་རབ་ཡེ་ཤེས་ལ་དེ་ཉིད་དུ་བརྗོད་དོ། །ཞེས་དང་ཞལ་ལུང་གི་དབང་གསུམ་པའི་སྐབས་སུ། ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར་བ་ལས་ནི་ཡང་དག་སྤྱན་ཅན་བདེ་ཆེན་འབྱུང་བར་འགྱུར། གང་གང་ཡང་དག་དགའ་བྱེད་ཆགས་བྲལ་དགའ་གཉིས་བར་དུ་དབེན་ ཉིད་མཐོང་བྱས་བརྟན་པར་གྱིས། པདྨའི་མཁའ་ལ་རྡོ་རྗེ་ནོར་བུ་པད་སྙིད་གཉིས་ལ་སྦྱོར་གང་རྡོ་རྗེ་དཀྱིལ་དཀྲུང་སེམས། ནོར་བུ་པར་དུ་མཐོང་བྱས་གང་ཚེ་བདེ་བ་འབྱུང་བར་ངེས་པ་དེ་ཉིད་ཡེ་ཤེས་ ཏེ༑ འདི་ཉིད་རྫོགས་པའི་རིམ་པ་ཡིན་པར་བླ་མ་མཆོག་རྣམས་ཀུན་གྱིས་བཤད། འདོད་ཆགས་ཆགས་བྲལ་བར་མར་མི་དམིགས་ཡེ་ཤེས་སྐད་ཅིག་དེ་རུ་གསལ། ཆུ་ཚོད་བརྒྱད་དམ་ ཉིན་གཅིག་ཟླ་བ་གཅིག་ཏུའམ། ལོ་གཅིག་སྐལ་པའམ་སྐལ་པ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། ཞེས་དང། སྔགས་རིམ་ལས། དེས་ན་སློབ་མ་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་ལྡན་པ་ ལ་བླ་མས་དབང་གསུམ་པའི་ཡེ་ཤེས་གང་དུ་སྐྱེ་བ་བརྡའ་སྤྲད་ནས་དབང་བསྐུར་བའི་ཚེ་རིག་མ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ནོར་བུར་བཟུང་བའི་གཉིས་སྣང་གི་རྟོག་པ་རག་པ་རྣམས་ [229B] ལྟ་ཐོག་ཏུ་བཞག་པའི་ཡེ་ཤེས་དེ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་ཡི། ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཙམ་བྱུང་བ་དང་དེའི་མཐུས་སེམས་མི་རྟོག་པར་ གནས་པ་ཙམ་མིན་ནོ། །འོན་ཀྱང་ཡིན་ལུགས་ཀྱི་ལྟ་བ་ལེགས་པར་མ་གོ་བ་རྣམས་ལ་བདེ་བ་དང་བཅས་པའི་མི་རྟོག་པ་སྐྱེས་པ་ཡང་དབང་གསུམ་པར་ངོ་སྤྲད་དགོས་སོ་ཞེས་གསུངས་ སོ༑ ༑དེ་ལྟར་ཤེར་དབང་དཀྱིལ་འཁོར་གང་དུ་ཐོབ་ན་སྦྱོར་བ་བདུན་པ་ལས། བྷ་ག་རྣམ་དག་ཞེས་བྱ་བའི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །ཅེས་པ་ལྟར་བྷ་གའི་དཀྱིལ་འཁོར་ དུ་ཐོབ། ལམ་གང་ལ་དབང་ན་དོན་དམ་འོད་གསལ་གྱི་རྫོགས་རིམ་སྒོམ་པ་ལ་དབང། དག་བྱ་གང་སྦྱོང་ན་ཡིད་ཀྱི་དྲི་མ་སྤྱོད། འབྲས་བུ་གང་འགྲུབ་ན་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་ ནུས་པ་བཞག་པ་ཡིན་པས་དགའ་བ་བསྒོམ་མོ། །སྒྲ་དོན་ནི། སྔགས་རིམ་ལས། དབང་གསུམ་པའི་དོན་ལ་ཤེས་རབ་ནི་ཕུལ་དུ་ཕྱིན་པའི་ཤེས་པ་འདི་ལ་ཡོད་པས་ན་ཕྱི་རོལ་ གྱི་ཕྱག་རྒྱའོ། །ཡེ་ཤེས་ནི་དེ་ལས་བྱུང་བའི་སེམས་རྣམ་པར་རྟོག་པ་དང་བྲལ་བ་ལས་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ཏེ་རྒྱས་པར་བཤད་ཟིན་ཏོ། །ཞེས་པ་ ལྟར་རོ༑ ༑ཚིགས་དབང་གི་གསོལ་འདེབས་ཀྱི་དོན་སླ་ལ། དབང་བཞི་པ་བསྐུར་ལུགས་ནི་ཁ་སྦྱོར་ལས། ཟབ་ཅིང་རྒྱ་ཆེ་ལ་མོས་ན། ཚིག་གིས་རིན་ཆེན་དབང་བསྐུར་བྱ་ ཞེས་དང༑ འདུས་པ་ཕྱི་མ་ལས། དབང་བསྐུར་བ་ནི་གསུམ་དུ་དབྱེ། །བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་ [230A]༄༅། །པ་སྟེ༑ ༑དེ་ལྟར་དེ་བཞིན་བཞི་པ་ཡང། །རྒྱུད་འདི་ལས་ནི་རབ་ཏུ་བཤད། །ཅེས་དང། སྔགས་རིམ་ལས། ཚིག་གིས་སྟེར་ལུགས་ནི་ཤེས་རབ་ཡེ་ཤེས་ དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པས་རབ་ཏུ་འཕེལ་བཞིན་པ་སྒྲིབ་པ་མེད་པ་ཉིད་དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་དབང་བཞི་པ་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །ཞེས་དང། མདོར་ན་དབང་ གསུམ་པ་དཔེར་བྱས་ནས་བཞི་པ་ངེས་པར་བྱེད་ཚུལ་ནི་འདི་ཡིན་ཏེ། གསུམ་པའི་སྐབས་སུ་རང་གི་ལུས་ལོངས་སྐུའི་རྣམ་པ་ཅན་གྱི་ལྷར་སྣང་ཞིང་དེ་ཡང་ཡུམ་དང་བྲལ་བ་མིན་པར་ ཡབ་ཡུམ་ཞལ་སྦྱོར་ཕན་ཚུན་འཁྱུད་པའི་རྣམ་པ་ཅན་དུ་སྣང་བ་དང། དེའི་ངང་ནས་ཐུགས་དངོས་པོའི་དེ་ཁོ་ན་ཉིད་ལ་ཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་གནས་པ་ཅིག་ཡོད་པ་དེ་ གཉིས་དཔེར་བླངས་ནས། དོན་འདི་ཐབས་ཀྱི་ཡན་ལག་དང་བཅས་པར་ཉམས་སུ་བླངས་པས་མཐར་སངས་རྒྱས་ཀྱི་གཟུགས་སྐུར་མོས་ནས་སྒོམ་པ་ཙམ་མིན་པར་རང་གི་ལུས་སངས་ རྒྱས་ཀྱི་མཚན་དཔེས་སྤྲས་པའི་སྐུ་ལོངས་སྐུ་དང་ཁ་སྦྱོར་གྱི་ཡན་ལག་གཉིས་ཀྱི་བདག་ཉིད་དུ་གྱུར་བ་དང། ཐུགས་ཀྱང་དེ་ཁོ་ན་ཉིད་ལ་གནས་པ་རེས་འགའ་བ་མིན་པར་འཁོར་བ་ཇི་སྲིད་ཀྱི་བར་ དུ་གནས་པའི་བདེ་བ་ཆེན་པོ་དང་རང་བཞིན་མེད་པའི་ཡན་ལག་གཉིས་ཀྱི་བདག་ཉིད་དུ་གྱུར་པའི་ཟུངས་འཇུག་དེ་དབང་བཞི་པའོ་ཞེས་ངོ་སྤྲོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཡན་ [230B] ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ ལྡན་པས་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་བསྒོམ་བློ་ཅན་གྱིས་ཀྱང་བསྔགས། །ཞེས་པ་ལྟར་རོ། །ཚིག་དབང་ཐོབ་ལུགས་ནི། སྔགས་རིམ་ལས། འོ་ན་དབང་བཞི་ པ་ལམ་གྱི་སྐབས་སུ་མི་འདོད་དམ་སྙམ་ན་སྤྱིར་དབང་བཞི་བ་བསྐུར་པའི་ཚེ་སྔར་བཞིན་ངོ་སྤྲད་ནས་ཚིག་ཙམ་གྱིས་གོ་བ་སྐྱེད་པ་ལ་དབང་དེ་སློབ་མ་ལ་བསྐུར་བ་དང་སློབ་མས་ཀྱང་དབང་ ཚིག་གི་སྒོ་ནས་ཐོབ་པར་འཇོག་སྟེ་སྣོད་རུང་གི་དབང་བཞི་པའོ། །ཞེས་གསུངས་པ་ལྟར་རོ། །དབང་གི་ངོ་བོ་ནི་དོན་གྱི་དབང་བཞི་པ་ཚིག་གིས་བརྡའ་སྤྲད་པ་ལ་བརྟེན་ནས་ཐོབ་པའི་ཟུང་ འཇུག་གི་རྫོགས་རིམ་སྒོམ་པ་ལ་དབང་བའི་ནུས་པ། སྒོ་གསུམ་གྱི་དྲི་མ་སྦྱོང་བའི་ནུས་པ། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་འགྲུབ་པའི་ནུས་པ་རྣམས་དེ་ཡིན་ནོ། །དཀྱིལ་འཁོར་གང་དུ་ ཐོབ་པ་སོགས་ནི། སྔགས་རིམ་ལས། དེ་ལྟར་སྔར་བཤད་པ་ལྟར་གྱི་བརྡའ་ལེགས་པར་བླ་མས་སློབ་མ་ལ་འབྱོར་ན། དེའི་གོ་བ་རྙེད་པ་ཙམ་གྱིས་དབང་བཞི་པ་ཚིག་གི་སྒོ་ནས་ཐོབ་པ་ ཡིན་ལ། དེ་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་ཐོབ་པ་ཡིན་ནོ། །སྒོ་གསུམ་གྱི་དྲི་མ་ཕྲ་མོ་སྦྱོང་བ་དང། རྡོ་རྗེ་གསུམ་དབྱེར་མི་ཕྱེད་བའི་སྐུ་འགྲུབ་པའི་སྐལ་པ་ཅན་ དུ་བྱེད་ཅིང། ཟུང་འཇུག་གི་རྫོགས་རིམ་སྒོམ་པའི་དབང་བར་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །སྒྲ་དོན་ནི། དབང་འདི་དབང་གསུམ་བ་ལྟར་དོན་ཉམས་སུ་མྱོང་བ་མེད་པར་ཚིག་ [231A]༄༅། །གིས་བརྡའ་སྤྲད་བའི་སྒོ་ནས་ཐོབས་པས་ཚིག་དབང་ངོ། རིག་མའི་རྟུལ་ཤུགས་སྦྱིན་པའི་ཚིགས་བཅད་ཀྱི་དོན་དཀྱིལ་ཆོག་ལས་འབྱུང་བ་ལྟར་རོ། །དེ་ལ་སྔགས་བླ་མེད་ ཀྱི་བསྒྲུབ་བྱ་མཐར་ཐུག་ནི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཟུང་འཇུག་གི་སྐུར་འདུ་ཞིང། དེ་བསྒྲུབ་བྱེད་ཀྱི་ཐབས་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང། ཐེག་ཆེན་ཐུན་མོངས་དང་ ཐུན་མོངས་མ་ཡིན་པ་གཉིས་ཀྱི་སྡོམ་པ་བཟུང་ནས་དེའི་བསླབ་བྱ་ལ་སློབ་པ་དང་ལམ་རིམ་པ་གཉིས་རྣམས་སུ་འདུ་ལ། དེ་དག་ལས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྡོམ་པ་གཉིས་ བཟུང་ནས་བསླབ་བྱ་ལ་སློབ་པ་རྣམས་ནི། སྟ་གོན་དང་དཀྱིལ་འཁོར་དུ་འཇུག་པའི་སྐོར་རྣམས་སུ་གསུངས་ཤིང། དེ་ནས་བུམ་དབང་གིས་ལམ་རིམ་པ་གཉིས་ལས་སྐྱེད་རིམ་གྱི་སྣོད་རུང་དུ་སྒྲུབ་ གསང་དབང་གིས་རྫོགས་རིམ་ལ་སྐྱེ་འཕགས་ཀྱི་སྐབས་གཉིས་ལས་སོ་སོ་སྐྱེ་བོའི་རྫོགས་རིམ་སྒོམ་པའི་སྣོད་རུང་དུ་སྒྲུབ། ཤེར་དབང་གིས་འཕགས་པའི་སྐབས་ཀྱི་རྫོགས་རིམ་ལ་ཡང་ གཉིས་ཡོད་པའི་དོན་དམ་འོང་གསལ་གྱི་རྫོགས་རིམ་སྒོམ་པའི་སྣོད་རུང་དུ་སྒྲུབ། ཚིགས་དབང་གིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པའི་སྣོད་རུང་དུ་སྒྲུབ་པས་སྔགས་བླ་མེད་ཀྱི་ ལམ་གྱི་གནད་ཐམས་ཅད་དབང་གི་སྐོར་ལ་འདུའོ། །དེ་དག་ནི་ལམ་གྱི་ངོ་བོ་མཚོན་ཚུལ་ཡིན་ལ་དཀྱིལ་འཁོར་དུ་འཇུག་པ་སོགས་ཀྱི་གོ་རིམ་གྱིས་ལམ་གྱི་གོ་རིམ་དང་གྲངས་ཀྱིས་ ལམ་གྱི་གྲངས་ངེས་ཀྱང་མཚོན་ནོ། །དེ་ལྟར་དབང་ཐོབ་ནས་རྩ་ལྟུང་བ་བཅུ་བཞི་དང་སྦོམ་པོ་བརྒྱད་བསྲུང་བ་ལ་སོགས་པ་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་འབད་དགོས་ཏེ། ། [231B] དོན་འདི་དག་ལ་རྗེ་བཙུན་ཆེན་པོ་གྲགས་པ་རྒྱལ་མཚན་པའི་ཞལ་སྔ་ནས། རྡོ་རྗེ་ཐེག་ལ་དད་ཀྱང་མ་སྨིན་པས། །ཟབ་མོ་བསྒོམ་ཀྱང་འབྲས་བུ་ངན་འགྲོ་ལས་ མཆོག་གཞན་མི་འགྲུབ་སངས་རྒྱས་གསུང་བས་ན། །བླ་མ་མཆོག་ལ་དབང་བསྐུར་ནོད་པར་མཛོད། །དབང་ཐོབ་མན་ངག་ཟབ་མོ་ཚོལ་བ་ཡིས། །ས་སྟེང་རྒྱས་པར་ཀུན་ཏུ་བཅལ་ བྱས་ཀྱང། །ཕན་པའི་དོན་བོ་གདམས་ངག་དམ་ཚིག་སྟེ། །འདི་མེད་འགྲམ་རྩ་ཟད་པའི་ཁང་རུལ་འདྲ། །ལེགས་པར་སྨིན་ལས་དམ་ཚིག་བསྲུང་བྱས་ན། །རིམ་གཉིས་ཟབ་མོའི་ མན་ངག་མ་བསྟེན་ཀྱང། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ་བོ་ཞེས། །འགྲོ་བའི་རྩ་ལག་ཕན་པར་མཛད་པས་གསུངས། །བདག་ནི་ཐོས་ཉུང་ཤེས་རབ་མིག་བྲལ་ཡང། །དྲི་མེད་ རྒྱུད་ལས་ལེགས་གསུང་མཐོང་བས་ན། །དབང་བླང་དམ་ཚིག་བསྲུང་བར་མཛོད་ཅིག་ཅེས། །ཀུན་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །ཞེས་གསུང་བ་ནི་རྒྱུད་སྡེའི་ གནད་མཁྱེན་པའི་གཏམ་ཡིན་ཏེ། བདག་ཀྱང་དེ་ལྟར་དུ་གསོལ་བ་འདེབས་སོ། །ཞེས་གསུངས་སོ། །དམ་ཚིག་བསྲུང་བ་ལ་འབད་ཀྱང་ཉེས་པས་གོས་ན་ཇི་ལྟར་བྱ་བ་ནི། སྔགས་རིམ་ ལས༑ དེ་ལྟར་རྣམ་པར་དག་པའི་དབང་དང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ལན་གཅིག་ཐོབ་ཀྱང་མི་ཤེས་པ་དང། ཉོན་མོངས་མང་བ་དང། བག་མེད་པ་དང། མ་གུས་པ་ སྟེ་ལྟུང་བ་འབྱུང་བའི་རྒྱུ་བཞིས་ལྟུང་བ་བྱུང་ན་རྩ་ལྟུང་བ་གཏོགས་པ་རྣམས་ནི་སྔགས་ཀྱི་སྡོམ་ལྡན་གྱི་དྲུང་དུ་ཕྱིར་འཆོས་པ་ལ་སོགས་པས་བཅོས་ནས་ལྟུང་བ་ལས་ལྡང་བར་བྱའོ་ [232A]༄༅། །རྩ་ལྟུང་བྱུང་ནས་དམ་ཚིག་ཉམས་ན་དབང་གིས་གསོ་དགོས་པས་བླ་མ་དམ་པ་ལས་དབང་བླང་བར་བྱ་ལ། ལེན་སམ་བྱུང་ན་སྔར་བཤད་པའི་དབང་དེ་རྣམས་སློབ་དཔོན་ འཇུག་པའི་ཆོ་གར་བཤད་པ་ལྟར་བདག་འཇུག་བྱས་ནས་དབང་དང། དམ་ཚིག་དང། སྡོམ་པ་རྣམས་བླངས་ལ་གསོ་བར་བྱ་སྟེ། ཕྲེང་བ་ལས། རང་ཉིད་ཀྱང་དམ་ཚིག་ཉམས་ ན་འདི་ལྟ་བུའི་དབང་ཉིད་ཇི་ལྟར་སློབ་དཔོན་འཇུག་པའི་ཆོ་གར་བླང་བར་བཤད་པ་དེ་ལྟར་བླང་བར་བྱའོ། འོན་ཀྱང་བླ་མ་དམ་པ་ཤིན་ཏུ་རིང་བ་དག་གམ་ལམ་བགྲོད་དཀའ་བ་ལ་སོགས་ པའི་ཉེ་བར་འཚེ་བས་བགྲོད་པར་མི་ནུས་པའི་ཕྱོགས་ན་བཞུགས་ན་སྟེ་གཞན་དུ་མ་ཡིན་ནོ། །ཞེས་སོ། །ཞེས་པ་ལྟར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བླ་མེད་རྡོ་རྗེ་ཐེག་པའི་ལམ་ གྱི་རྨངས་ལེགས་པར་ཚུགས་པར་བྱས་སྟེ་ལམ་རིམ་པ་གཉིས་ཀྱི་སྒོ་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་པ་ལ་བརྩོན་པ་ནི་དལ་བའི་རྟེན་ལ་སྙིང་པོ་ལེན་ཚུལ་མཆོག་ཡིན་ པས་ཚུལ་འདི་ལ་འབད་འཚལ་ལོ། །ཞེས་གསུངས་སོ། །ཅེས་པ་འདི་ནི་ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ ཀྱི་གསུང་གི་བདུད་རྩི་ཅུང་ཟད་མྱངས་པའི་མདོ་སྨད་པ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོས་རང་ཉིད་ཀྱིས་བདག་འཇུག་ལེན་པ་སོགས་ལ་མཁོ་བར་བསམ་ནས་བརྗེད་ཐོར་ བྲིས་པ། འདིས་ཀྱང་རྒྱལ་བ་བློ་བཟང་གྲགས་པའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག་ །།མངྒ་ལཾ།།